top of page

 

བཀྲས་ཆུང་ནི་བོད་ཀྱི་སྲོལ་རྒྱུན་དང་དེང་རབས་ཀྱི་གཞས་པ་ཞིག་ཡིན་ལ། ཁོང་ནི་༢༠༡༨ལོར་ཨ་རིའི་ཉེའུ་ཡོག་སྒྱུ་རྩལ་ཐེབས་རྩ་ཁང་ (New York Foundation for Arts,NYFA)གིས་སྲོལ་རྒྱུན་དང་དམངས་ཁྲོད་སྒྱུ་རྩལ་པའི་ཆེ་མཐོང་ཐོབ་མཁན་ཞིག་རེད། 

ཁོང་གིས་ད་ལྟའི་བར་རོལ་དབྱངས་ཀྱི་ལམ་ནས་བོད་ཀྱི་རིག་གཞུང་སྲུང་སྐྱོབ་དང་དར་སྤེལ་གྱི་བྱེད་སྒོ་སྣ་ཚོགས་སྤེལ་ཡོད་ལ། དེ་ནི་གཙོ་བོ་ཁོང་གིས་དེ་སྔ་བཙན་བྱོལ་བོད་ཀྱི་ཟློས་གར་ཁང་དུ་༡༩༦༩ལོ་ནས་༡༩༨༦ལོའི་བར་རྒན་རབས་དགེ་རྒན་དམ་པ་རྣམས་ཀྱི་དྲུང་ནས་སྲོལ་རྒྱུན་རོལ་དབྱངས་དང་ལྷ་མོ་སོགས་སློབ་ཁྲིད་མཐར་ཕྱིན་ཞུས་པའི་གྲུབ་འབྲས་ཡིན། ཁོང་གིས་རོལ་དབྱངས་ཀྱི་ལམ་ནས་བོད་ཀྱི་སྲོལ་བཟང་དང་བཙན་བྱོལ་བོད་མིའི་གནས་བབ། རང་དབང་གི་མངོན་འདོད་རྣམས་ཕྱི་གླིང་བ་རྣམས་ལ་ངོ་སྤྲོད་དང་གདུང་སེམས་མཉམ་སྐྱེད་ཞུས་ཐུབ་ཡོད། དེ་མིན་ཁོང་གིས་སྲོལ་རྒྱུན་རོལ་དབྱངས་གཅིག་པུ་ཙམ་མིན་པར་ཕྱི་གླིང་གི་དེང་རབས་རོལ་མོ་བ་རྣམས་དང་ལྷན་དུ་མཉམ་ལས་ཀྱང་གནང་ཡོད་ལ། ད་བར་སྲོལ་རྒྱུན་དང་དེང་རབས་རོལ་མོ་མཉམ་འབྲེལ་ཐོག་འོད་སྡེར་གྲགས་ཅན་བཅུ་ལྷག་འདོན་སྤེལ་གནང་ཡོད།

ཁོང་ཨ་རིར་གནས་སྤོས་རྗེས་ལྕགས་ཟམ་པ་བོད་ཀྱི་ལྷ་མོ་གླུ་གར་ཚོགས་པ་གསར་འཛུགས་དང་དེའི་འགན་འཛིན་མི་ལོ་ཉི་ཤུ་ལྷག་ཞུས། ཚོགས་པ་དེས་ཨ་རི་དང་ཡོ་རོབ་སོགས་རྒྱལ་ཁག་མང་པོའི་ནང་བོད་ཀྱི་རིག་གཞུང་འཁྲབ་སྟོན་ཞུས་ནས་འཕྲིན་སྦྱོར་བརྒྱུད་ལམ་ཁག་ནང་དགའ་བསུ་ཆེན་པོ་ཐོབ་ཡོད། ཁོང་མི་སྒེར་རོལ་མོ་པའི་ལམ་ནས་ཨ་རིའི་རོལ་མོ་པ་གྲགས་ཅན་ཧྥི་ལིབ་གྷི་ལ་སི་(Philip Glass)དང་ཕཱ་ཊི་སྨིསི་(Patti Smith)བཅས་དང་ལྷན་ཅིག་ནིའུ་ཡོག་ཁར་ནེ་གྷི་རོལ་དབྱངས་ཚོམས་ཆེན་དུ་(Carnegie Hall)རོལ་དབྱངས་ཀྱི་ལམ་ནས་བོད་ཀྱི་རིག་གཞུང་དར་སྤེལ་ཞུས་ཡོད།

༢༠༡༠ ལོར་ཁོང་གིས་བོད་ཀྱི་བྱིས་པ་རྣམས་ཀྱི་ཆེད་དུ་རོལ་དབྱངས་ཟེར་སྡེར་༼སེམས་གཞས༽ཞེས་པ་སྒྲ་འཇུག་དང་འགྲེམ་སྤེལ་ཞུས་ཡོད་ལ། ལས་འགུལ་དེའི་དམིགས་ཡུལ་གཙོ་བོ་ནི་བོད་ཕྱི་ནང་གཉིས་སུ་བོད་ཕྲུག་ཚོས་རོལ་དབྱངས་ཀྱི་ལམ་ནས་བོད་སྐད་སྦྱོང་བརྡར་བྱ་བའི་ཆེད་དུ་ཡིན། ༼སེམས་གཞས༽དཔེ་མཚོན་འདིར་གསན་ཐུབ།

བཀྲས་ཆུང་ལགས་ནས་ལོ་ཤས་རིང་དཀའ་ལས་བརྒྱབ་ནས་བོད་ཀྱི་སྲོལ་རྒྱུན་རོལ་མོ་ནང་མ་དང་སྟོད་གཞས་སྒྲ་འཇུག་ཞུ་ཆེད། ཞལ་འདེབས་འདུ་འགོད་ཞུས་ཏེ་ད་བར་རོལ་དབྱངས་གྲངས་བཅུ་བདུན་ལྷག་སྒྲ་འཇུག་ཞུས་ཟིན་པ་རྣམས་མང་ཚོགས་ཀྱིས་དྲ་ཐོག་ནས་རིན་མེད་ངང་གསན་ཐུབ་པ་དང་། ཞོར་དུ་བོད་ཀྱི་རིག་གཞུང་སྲུང་སྐྱོབ་དང་རྒྱུན་གནས་ཀྱི་ལས་འཆར་འདི་མུ་མཐུད་དེ་གནང་བཞིན་ཡོད་པས། བོད་མི་འབྱོར་ལྡན་རྣམས་ནས་ལས་འཆར་འདིར་དཔལ་འབྱོར་གྱི་མཐུན་འགྱུར་རོགས་རམ་གནང་བའི་རེ་བ་ཞུ་བཞིན་ཡོད། བོད་ཀྱི་སྲོལ་རྒྱུན་རོལ་དབྱངས་གཅེས་སྐྱོང་ལ་ཞལ་འདེབས་གནང་ཚེ་འདིར་ནོན

bottom of page