top of page

གསར་འགྱུར།

ཕྱི་ལོ་ ༢༠༢༢ གཏམ་བཟང་ཞུ་རྒྱུ་ནི། ཇོ་ལགས་བཀྲས་ཆུང་ལགས་སུ་ནིའུ་ཡོག་མངའ་སྡེའི་རིག་གཞུང་ཚོགས་པ་(New York State Council of the Arts) ནས་མ་དངུལ་གསོལ་བརྩལ་གྱིས་ཁོང་ནས་ལས་འཆར་གཉིས་རྩོམ་རྒྱུར། ༡) སྲོལ་རྒྱུན་རོལ་དབྱངས་ནང་མ་དང་སྟོད་གཞས་གཞས་གྲངས་༣༥ སླར་ཡང་སྒྲ་འཇུག་ཞུ་རྒྱུ་(དེ་སྔ་ཁོང་ནས་གཞས་གྲངས་༣༤ སྒྲ་འཇུག་ཟིན་ཡོད།) བོད་རིགས་ན་གཞོན་གཉིས་ལ་སྲོལ་རྒྱུན་གར་གླུ་སློབ་འཁྲིད་གནང་རྒྱུ་རེད།

 

ཨ་ཕི་རི་ཀའི་ནང་སྐོར་བསྐྱོད།

འདི་ཟླའི་༣ ཚེས་ཤར་ནས་ཟླ་གཉིས་རིང་ཨ་ཕི་རི་ཀའི་རྒྱལ་ཁབ་གསུམ་ནང་བོད་ཀྱི་རོལ་དབྱངས་དང་རིག་གཞུང་གཟིགས་འབུལ་ཞུ་རྒྱུར། ས་ཧ་ར་བྱེ་ཐང་གི་ལུང་པའི་ནང་རྒྱལ་སྤྱིའི་རོལ་དབྱང་དགའ་སྟོན་ དེ་ནོ་མེ་དེ་(International Music Festival Des Nomades in the Sahara desert) ཞེས་པ་དང་དེ་ནས་མ་ལི་རྒྱལ་ཁབ་ཀྱི་རྒྱལ་སྤྱིའི་རོལ་དབྱངས་དུས་སྟོན་the International Music Festival of Wassoulu in Mali གཙོ་བོ་དང་དེ་བཞིན་ས་གནས་འགའ་ཞིག་ཏུ་ད་རེས་ཐེངས་དང་པོར་གཟིགས་མོ་འབུལ་རྒྱུ་དེ་ནི་དེ་སྔ་ལོ་རྒྱུས་ནང་བྱུང་མ་མྱོང་བའི་བོད་དང་ཨ་ཕི་རི་ཀའི་བར་རིག་གཞུང་འབྲེལ་བ་གསར་པ་ཞིག་རེད།

 

ཨ་རིའི་ནང་སྐོར་བསྐྱོད།

འདི་ལོ ༢༠༢༢ ཟླ་༦ ནང་བཀྲས་ཆུང་དང་བོད་ཀྱི་རོལ་ཚོགས་(Techung and Tibetan Ensemble)ནས་ཨ་རི་ནིའུ་ཡོག་དང་སྦོ་སི་ཀྲོན། ཝ་ཤིང་ཀྲོན་བཅས་སུ་སྲོལ་རྒྱུན་ནང་མ་དང་སྟོད་གཞས་ཀྱི་རོལ་དབྱངས་གཟིགས་འབུལ་ཞུ་རྒྱུ་རེད། དེ་ནི་ལོ་རྒྱུས་ནང་དེ་སྔ་བྱུང་མྱོང་བའི་བོད་ཀྱི་སྲོལ་རྒྱུན་རོལ་དབྱངས་ལ་ཆེ་བསྟོད་དང་གོ་སྐབས་བཟང་པོ་ཞིག་ཡིན་མོད། ནིའུ་ཡོག་ཏུ་རྟེན་གཞི་བྱས་པའི་འཛམ་གླིང་རོལ་དབྱངས་ཚོགས་པའམ་World Music Institute ནས་ལོ་ཤས་གོང་རེ་སྐུལ་ལྟར་ཆེད་དུ་མངགས་ནས་ནིའུ་ཡོག་གི་གཟིགས་མོ་དེ་གོ་བསྒྲིགས་གནང་བ་རེད། ཞིབ་ཕྲ་འདི་ན་གཟིགས།

ཕྱི་ལོ ༢༠༢༡ ནང་སྤྱི་མཚུངས་བཞིན་བཀྲས་ཆུང་ལགས་ཀྱིས་ལས་དོན་མང་བ་དྲ་ལམ་ནས་གནང་བ་ལས་སྐོར་བསྐྱོད་སོགས་ཀྱི་ལས་འཆར་བརྩམ་མེད།

ཐོག་མར་གཏམ་བཟང་ནི་བཀྲས་ཆུང་ལགས་ཀྱིས་ད་བར་མི་ལོ་གསུམ་ཅུ་ལྷག་ཙམ་རིང་བོད་ཀྱི་སྲོལ་རྒྱུན་དང་གསར་རྩོམ་གླུ་གཞས་སོགས་ཁྱོན་བསྡོམས་ཉིས་བརྒྱ་ལྔ་བཅུ་ལྷག་ཙམ་སྒྲ་འཇུག་བྱས་འདུག འདིའི་ནང་སྲོལ་རྒྱུན་ནང་མ་དང་སྟོད་གཞས་གཞས་གྲངས་༤༥ ཚུད་ཡོད། འདི་ནི་བོད་ཀྱི་གླུ་གཞས་མི་ཉམ་སླར་གསོར་ཞབས་འདེགས་མི་དམན་ཙམ་འགྲུབ། ལོ་ཤས་གོང་ཁོང་ཕ་རན་སིར་སྐོར་བསྐྱོད་ཅིག་གི་སྐབས་ཟ་ཁང་ཞིག་ནང་བོད་རིག་གཞོན་སྐྱེས་འགའ་མཉམ་འཛོམས་སྐབས་རྒྱ་གར་དུ་འཚར་ལོངས་བྱས་པའི་ཕོ་གསར་ཞིག་ནས་ཁོང་ལ་ “བོད་པར་གཞས་གཏོང་རྒྱུ་ཡོད་པ་ངས་དེ་རིང་མ་གཏོགས་ཤེས་མ་སོང་”ཞེས་བརྗོད་འདུག གཞོན་ནུ་དེ་ནི་ཆུང་དུས་ནས་རྒྱ་གར་བཙན་བྱོལ་ནང་འཚར་ལོངས་བྱུང་ནས་སོ་སོའི་རིག་གཞུང་ལ་དོ་སྣང་གཞན་པ་དེ་ནི་ང་ཚོ་བཙན་བྱོལ་སྤྱི་ཚོགས་ཀྱི་འཐུས་ཤོར་རེད་དེ། གཞོན་ནུ་དེ་ཕྱི་གླིང་དུ་འབྱོར་ནས་སོ་སོའི་རིག་གཞུང་ལ་དོ་སྣང་ཕྲན་བུ་ཡར་རྒྱུས་འགྲོ་བའི་རེ་བ་ཞུ་རྒྱུ་རེད། འོན་ཀྱང་དེང་སང་གཞོན་སྐྱེས་ནང་རང་གི་རིག་གཞུང་དང་ལྷག་པར་དུ་ཟློས་གར་རིག་གནས་ལ་དོ་སྣང་གསར་པ་ཞིག་སླེབ་བཞིན་པ་དགའ་འོས་པའི་གནས་ཚུལ་རེད།

བཀྲས་ཆུང་ནས་སྲོལ་རྒྱུན་ནང་མ་དང་སྟོད་གཞས་སོགས་བཞི་བཅུ་ལྷག་རཙམ་ཚད་ལྡན་སྒྲ་འཇུག་ཐུབ་པ་འདི་ནི་ཁོང་ལ་དཔལ་འབྱོར་རོགས་རམ་གནང་མཁན་ཉེ་གྲོགས་དང་སྦྱིན་བདག་སྤྱི་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་བ་བ་དང་སྲོལ་རྒྱུན་གླུ་གཞས་རྣམས་དྲ་རྒྱ་འདི་ན་གསན་ཐུབ།

ཟླ་བ་༡ ནང་“རས་པ། གཞས་དང་ཞབས་བྲོ།” ཞེས་པའི་ཟེར་སྡེར་ཞིག་འགྲེམ་སྤེལ་ཞུས། དིའི་ནང་གི་གླུ་གཞས་རྣམས་ ༡༩༩༩ ནང་སྒྲ་འཇུག་བྱས་པ་རེད། ཡིན་ནའང་སྐབས་དེར་སྒྲ་འཇུག་བྱས་པའི་འཁོར་ཐག་དེའི་སྒྲ་གཙང་མ་མེད་པ་དང་། གཞས་བཏང་བ་རྣམས་ཀྱང་དེ་ཙམ་འདོད་བློ་ཚིམས་པ་མ་བྱུང་བས། དུས་ཐོག་འགྲེམས་སྤེལ་བྱེད་རྒྱུར་ཐེ་ཚོམ་སྐྱེས་ཏེ་ད་ལྟའི་བར་ཅམ་འཇོག་བྱ་དགོས་བྱུང་།

རོལ་དབྱངས་ཀྱི་འབྲེལ་བཤད་ནང་ཁོང་གིས། “ཕྱི་ལོ་༡༩༩༩ ལོར་རང་ཉིད་ཨ་རིའི་ཀེ་ལེ་ཧྥོ་ནེ་ཡའི་(California) ནང་ཡོད་ལ། སྒྲ་འཇུག་ལས་འཆར་དེ་ཐོག་མར་རང་ཁྱིམ་དུ་དར་བའི་སྐབས་ཡིན། (དེ་སྔོན་སྒྲ་འཇུག་ཁང་དམིགས་བསལ་ཅན་དུ་འཇུག་པ་ལས་རང་ཁྱིམ་དུ་འཇུག་རྒྱུའི་ལམ་སྲོལ་དེ་ཙམ་དར་མེད།) འཁོར་ཐག་གི་སྒྲ་འཇུག་འདིའི་ནང་དུས་གཅིག་ཏུ་སྒྲ་བཞི་འཇུག་ཐུབ་པའི་འཕྲུལ་འཁོར་བེད་སྤྱོད་བྱ་རྒྱུ་སྦྱང་བ་དང་རོལ་ཆ་དཀྲོལ་གཏོང་སོགས་ཀྱང་ཚོད་ལྟ་བྱས། དཔེར་ན་སྒྲ་སྙན་དེ་གློག་གི་སྒམ་ཆུང་(Amp) ཞེས་པ་དེའི་བརྒྱུད་བཏང་བ་དང་། དེ་བཞིན་གླུ་གཞས་ཀྱི་སྒྲ་ཡང་དཔེ་གསར་ཅན་རེ་གཉིས་ཚོད་ལྟ་བྱས།

འདིའི་ནང་གི་གླུ་གཞས་མང་བ་སྲོལ་རྒྱུན་ཡིན་རུང་། རེ་གཉིས་ཤིག་ཉི་ཧོང་དང་བལ་པོའི་གདངས་ལ་བོད་ཚིག་སྦྱར་བ་སྟེ། དཔེར་ན། གཞས་དང་པོ་༼ཁྱེད་ནི་མཛེས་བཞིན་༽ཞེས་པ་འདི། དེ་སྔ་ལོ་རབས་བདུན་ཅུའི་ནང་རྒྱ་གར་ནས་བོད་ཕྲུག་ན་གཞོན་འགའ་ཉི་ཧོང་དུ་སྣུམ་འཁོར་འཕྲུལ་ལས་སློབ་སྦྱོང་དུ་བཏང་ནས་ཟླ་ཤས་རྗེས། ཁོང་རྣམས་ཕྱིར་ལོག་སྐབས་ཉི་འོང་གི་དབྱངས་གྲགས་ཅན་ཞིག་ལ་བོད་ཚིག་སྦྱར་ནས་གཏོང་གི་ཡོད་པ་རེད། དེ་དུས་རང་ཉིད་ལོ་ན་ཆུང་ཡང་གཞས་དེ་ལ་དགའ་མོས་དང་སེམས་ལ་འཇུག་པོ་བྱུང་བས། ད་རེས་འཁོར་ཐག་འདིའི་ནང་བཅུག་པ་ཡིན། དེ་ནས་གཞས་བཅུ་བཞི་པ་༼མཛེས་ལྡན་ལྷ་མོ།༽ཞེས་པ་འདི། དེ་སྔ་ལོ་རབས་བརྒྱད་ཅུའི་རྒྱ་གར་རྡོ་རྗེ་གླིང་སློབ་གྲྭའི་ན་གཞོན་རྣམས་ནས་བལ་པོའི་གདངས་ལ་བོད་ཚིག་སྦྱར་ཏེ་སྙན་འགྱུར་དང་ལྡན་པར་གཏོང་གིན་ཡོད་པ་དེ་བཞིན། རྡ་སར་དར་ཁྱབ་ཆེ་བས་འཁོར་ཐག་འདིའི་ནང་དེང་དུས་རོལ་ཆ་དང་བསྡེབས་ནས་ནང་འཇུག་ཞུས་ཡོད། རས་པ་གླུ་གཞས་འདི་ན་གསན་ཐུབ།”

 

དེ་ནས་༢༠༠༡ ཟླ་༤ ནང་ཁོང་ནས་ཀོང་གཞས་ “གངས་སྟོད་དང་མཐོན་པོ་”ཞེས་པ་སྲོལ་རྒྱུན་གཞས་འདི་དྲ་ཐོག་ཏུ་ཏུ་འགྲེམས་སྤེལ་ཞུས། རྩ་བའི་གཞས་འདི་དར་ཁྱབ་ཆེན་པོ་ཡིན་ཡང་ཁོང་ནས་སྒྲ་འཇུག་ཞུ་སྐབས་སྒྲ་སྙན་དཀྲོལ་གཏོང་ཕྲན་བུ་མི་འདྲ་བ་དང་དའི་ནང་རྔ་སྒྲ་ཞིག་ཡོད་པ་དེ་ཡང་སྒྲ་སྙན་རང་གི་ཁོག་གཏིང་དུ་མཛུབ་མོ་གཞུས་ནས་དཔེ་གསར་ཞིག་གི་ཐོག་ནས་སྒྲ་འཇུག་བྱས། གཞས་འདི་སྒྲ་འཇུག་ཞུ་ཡུལ་ཡང་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་ཨ་ཁུ་དོར་ནང་ཞུས་པ་ཡིན། གླུ་གཞས་འདི་ན་གསན་། 

ནིའུ་ཡོག་མངའ་སྡེའི་སྒྱུ་རྩལ་ཚོགས་(New York Council For the Artས) ཞེས་པའི་ཚོགས་པའི་མཐུན་འགྱུར་འོག་བོད་རིགས་ན་གཞོན་སློབ་མ་གཉིས་ལ་སྲོལ་རྒྱུན་གླུ་གཞས་སློབ་འཁྲིད་ཀྱི་ལས་འཆར་ཞིག་མཇུག་སྒྲིལ་ཟིན།

 

དྲ་ཐོག་ནས་ཨ་རིའི་གཙུགས་ལག་སློབ་གྲྭ་ཡེལ་(Yale University) དང་ཧ་ཝ་ཡི་ནང་ཤར་ནུབ་བལྟི་གནས་ཁང། (East West-Center)སེ་ཀྲེ་ལོ་རེ་སེ་(St. Lawrence University) སོགས་ཀྱི་རྒྱལ་སྤྱིའི་སློབ་མ་ཚོར་ཁོང་གི་མི་ཚེ་དང་བོད་ཀྱི་སྲོལ་རྒྱུལ་རོལ་དབྱངས་སོགས་ཀྱི་སྐོར་གཏམ་བཤད་དང་རོལ་དབྱངས་ཕུལ་བས་བོད་དང་བོད་ཀྱི་རོལ་དབྱངས་སྐོར་ལ་གོ་རྟོགས་སྤེལ།

ཨ་རི་བོད་ཀྱི་ཐེབ་རྩས་ལོ་ལྟར་ནིའུ་ཡོག་ཏུ་གསོལ་སྟོན་གཤམ་ནས་གནད་ཡོད་མི་སྣ་མཉམ་འཛོམས་ཀྱིས་དཔལ་འབྱོར་བསྡུ་རུབ་ཤིག་གནང་སྐབས་བཀྲས་ཆུང་ལགས་ཀྱང་མགྲོན་འབོད་ཀྱིས་ཁོང་ནས་སྲོལ་རྒྱུན་གླུ་གཞས་བཏང་བ་དང་སྐབས་དེར་སྐུ་མགྲོན་ཁྲོང་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་རི་ཅ་སྒི་རི་དང་དེ་བཞིན་མི་སྣ་ཉིས་བརྒྱ་ལྷག་ཙམ་འདུ་འཛོམས་ཀྱིས་ལས་དོན་ཚག་ཚུད་བྱུང་འདུག

 

དེ་ནས་ལས་འཆར་གལ་ཆེ་བ་ཞིག་ནི་༧ གོང་ས་མཆོག་དང་ལྷོ་ཨ་ཕི་རི་ཀའི་བླ་ཆེན་དམ་པ་སྦི་ཤོབ་ཀྲུ་ཀྲུ་གཉིས་བཞུགས་སྒར་རྡ་སར་མཇལ་ཕྲད་སྐབས་ཀྱི་དངོས་བྱུང་གློག་བརྙན་ནང་ཁོང་དང་གཞས་མ་དབྱངས་ཅན་ལྷ་མོ་དེ་བཞིན་ལྷོ་ཨ་ཕི་རི་ཀའི་གླུ་གཞས་ཚོགས་པ་བཅས་དང་རོལ་དབྱངས་རྩོམ་པ་པོ་ཌོ་མི་ནིག་མེ་སེན་ཇར་ལགས་བཅས་དང་མཉམ་ལས་ཀྱིས་དངོས་བྱུང་གློག་བརྙན་དེ་ད་ཆ་རྒྱལ་སྤྱིའི་ནང་འདོན་སྤེལ་གནང་བཞིན་པ་འདི་ན་གཟིགས། 

 

ལོ་ཤས་ནས་བཀྲས་ཆུང་དང་ཟློས་ཟུར་ཁག་གཅིག་མཉམ་རུབ་ཐོག་ནས་ཟློས་ཟུར་མཐུན་ཚོགས་ཞིག་འཛུག་རྒྱུར་གྲོས་མོལ་རབ་དང་རིམ་པ་ཞུས་རྗེས་ད་ཆ་ ༢༠༢༢ ཟླ་བ་༡ ཚེས་༤ ཉིན་རྒྱལ་སྤྱིའི་ནང་ས་གནས་༧ ནང་མཐུན་ཚོགས་འཛུགས་ཐུབ་པའི་གཏམ་བཟང་། ཞིབ་ཕྲའི་གནས་ཚུལ་བོད་ཀྱི་ཟློས་གར་དྲ་ཐོག་འདི་ན་གཟིགས།

༢༠༡༩ ཟླ་༧ ཚེས ༡

ཉེ་སྔོན་ཟླ་༣པའི་ནང་ངའི་བཟའ་ཟླ་དང་མཉམ་དུ་ཨུ་རུ་སུའི་ཤར་ཕྱོགས་ཀྱི་འབྲོག་ས་ཁག་ཅིག་ཏུ་ཟླ་ངོ་གཅིག་ཙམ་རིང་འབྲོག་པའི་གླུ་གཞས་དང་རིག་གཞུང་ཐོག་ཉམས་ཞིབ་ཞུ་བར་བཅར། འབྲོག་པ་འདི་རྣམས་ཀྱིས་འཛམ་གླིང་ནང་འཁྱགས་རོམ་ཆེ་ཤོས་ཀྱི་ས་གནས་ཤིག་ཏུ་དུས་རྒྱུན་མི་ཚོས་ཤྭ་བའི་རིགས་ཏེ་དབྱིན་སྐད་དུ་རེན་དྲི་ཡར་()ཞེས་པ་འཚོ་སྐྱོང་བྱེད་ཅིང་། ཁོང་ཚོའི་འབྲོག་ཁྱིམ་རེ་རེར་སེམས་ཅན་དེ་འདྲ་ཉིས་བརྒྱ་ལྷག་རེ་ཡོད་འདུག །དེ་ཡང་འདི་ཁུལ་གྱི་འབྲོག་པ་རྣམས་ལ་ཅུག་ཅིག་(Chukchi)ཅེས་འབོད་ཅིང་། ཁོང་རྣམས་ཀྱིས་དེང་སྐབས་སོ་སོའི་རིག་གཞུང་སྲུང་སྐྱོབ་ཀྱི་ལས་ཀ་དང་། འཁྱགས་རོམ་ཐོག་མི་ཚེ་བསྐྱལ་རྒྱུའི་ལས་དོན་ཐད་དཀའ་ངལ་གདོང་ལེན་བྱེད་ཀྱིན་པ་རེད།

དེ་རྗེས་ལྡི་ལི་ནས་རྡ་སར་ཨ་མ་ལགས་མཇལ་འཕྲད་དུ་བཅར། སྐབས་དེར་རྡ་སའི་གནམ་གཤིས་ལེགས་པ་དང་མི་ཚོགས་ཀྱང་དེ་ཙམ་ཆེན་པོ་མེད་སྟབས་གུ་ཡངས་པ་དང་དུས་ཚོད་སྐྱིད་པའི་སྒང་རེད། ང་ཚོ་ཐེངས་འགའ་ཞིག་རི་རྩེར་སྤྲོ་འཆམ་དུ་ཕྱིན་པས་ཡུལ་ལྗོངས་ཉམས་དགའ་བ་འདི་རང་ངའི་ཕ་ཡུལ་གཉིས་པ་ཡིན་པའི་ཚོར་བ་བྱུང་། དེ་ནས་རྟེན་འབྲེལ་ཆེད་བོད་ཀྱི་སྲིད་སྐྱོང་བློ་སེང་མཆོག་དང་དེ་བཞིན་བོད་ཀྱི་ཟློས་གར་དབུ་འཛིན་གསར་པ་བཅས་ལ་འཚམས་འདྲི་ཞུ་བར་བཅར། ཞོར་དུ་མ་འོངས་བོད་ཀྱི་ཟློས་གར་ཚོགས་པའི་འཁྲབ་སྟོན་སྒྱུ་རྩལ་པ་སྐྱེད་སྲིང་ཞུ་རྒྱུར་སྔར་བས་ཡར་རྒྱས་དགོས་ལུགས་དང་། དེ་བཞིན་ཟློས་གར་ཚོགས་པའི་ལས་དོན་ཆེ་ཁག་ལ་རྒྱལ་སྤྱིའི་ནང་ཟློས་གར་ཟུར་པ་རྒན་གྲས་རྣམས་དང་འབྲེལ་ལམ་བཙུགས་ཏེ། སྐབས་སྐབས་ཕན་ཚུན་བསམ་ཚུལ་བསྡུ་རུབ་གནང་ཐུབ་ན་དགེ་མཚན་ཆེ་སྐོར་ཞུས་པ་ཡིན། 

དེ་ནས་ངའི་ཕ་ཚབ་བམ་ངག་དབང་དགེ་འདུན་ལགས་ཀྱི་སྤུན་མཆེད་སྐལ་བཟང་སྒྲོལ་མ་ལགས་དང་ཨེམ་རྗེ་པ་སངས་ལགས་གཉིས་ཀྱི་གཉེན་སྒྲིག་སྐབས་རོལ་དབྱངས་འབུལ་ལམ་ཞུས་ཡིན། སྒྲོལ་མ་ལགས་ནི་སྤྱིར་བཏང་སྨན་ཞབས་པ་ཞིག་ཡིན་པ་མ་ཟད་ལྡི་ལི་དང་རྡ་སའི་ནང་སྤྱི་ཚོགས་ཞབས་ཞུའི་ལས་ཀར་དམིགས་བསལ་དོ་ཁུར་གནང་མཁན་ཞིག་རེད། ཁོ་མོའི་ཕ་མ་གཉིས་བོད་དུ་ལུས་ཡོད་པས་ད་རེས་ཀྱི་རྟེན་འབྲེལ་འདིར་ཕེབས་ཐབས་མེད་རུང་ངའི་ཨ་མ་ལགས་ནས་མོའི་ཨ་མའི་ཚབ་གནང་ནས་བཞུགས་གྲལ་དུ་ཞུགས་པ་དང་། ང་དང་ཉེ་འཁོར་སྤུན་མཆེད་རྣམས་ནས་ཁོང་གཉིས་ཀྱི་རྟེན་འབྲེལ་ལ་ནང་མི་ལྟར་མཉམ་ཞུགས་ཞུས་པར་དམིགས་གསལ་དགའ་པོ་བྱུང་།

ད་རེས་ཟླ་༦པའི་ཚེས་ཤར་ལ། ང་དང་ངའི་རོལ་དབྱངས་ཚོགས་པ་རླུང་རྟ་ཞེས་པས་ཨ་རིའི་ཤར་ཕྱོགས་མེ་སེ་ཅུ་སེཀྲིར་ངོ་ཤེས་ཕུན་ཚོགས་སྒྲོལ་མ་དང་ཨ་རི་བ་ཨེ་ཊི་གཉིས་ཀྱི་གཉེན་སྒྲིག་ཏུ་མགྲོན་འབོད་ལྟར་བཅར། ཕུན་ཚོགས་སྒྲོལ་མའམ་ཡང་ན་ཕུ་ནི་ལགས་ནི་དམིགས་བསལ་བོད་ཀྱི་བུད་མེད་དཀའ་སྡུག་མང་པོའི་འོག་ནས་འཚར་ལོངས་བྱུང་བཞིན་དེང་སྐབས་དེ་གའི་ས་གནས་སུ་ལག་རྩལ་དང་འབྲེལ་བའི་ཚོང་ཁང་སྤུས་ལེགས་ཤིག་ཏུ་ཚོང་ལས་གནང་བཞིན་པ་རེད། ངས་ཁ་སྔོན་ཟླ་༣པའི་ནང་ཨུ་རུ་སུའི་རྒྱལ་སར་ཁོང་གཉིས་ལ་རྟེན་འབྲེལ་གྱི་གཞས་གསར་ཞིག་བྲིས་པ་ཁྲུང་སའི་ཉིན་གཟིགས་འབུལ་ཞུས་པས་ཚང་མ་དགའ་པོ་བྱུང་སོང་ལ། ངས་ཀྱང་སེམས་ཁོང་ནས་ཁོང་གཉིས་མི་ཚེ་སྐྱིད་པོ་ཡོང་བའི་སྨོན་ལམ་ཞུས།

ངའི་རོལ་དབྱངས་ཚོགས་པས་༢༠༡༧ལོའི་ནང་ཟེར་སྡེར་གསར་པ་བཀྲིས་ཤོག་ཅེས་པ་འདོན་སྤེལ་ཞུས་ཡོད་པས་འདིའི་ནང་གི་གཞས་གསར་རྣམས་བཀྲ་ཤིས་པའི་རྟེན་འབྲེལ་དང་དེ་བཞིན་གཞིས་བྱེས་གཉིས་ཀྱི་སྐྱིད་སྡུག་མཉམ་མྱོང་། དེང་དུས་སྤྱི་ཚོགས་གནས་སྟངས་དེ་བཞིན་སྲོལ་རྒྱུན་གླུ་གཞས་འགའ་ཞིག་བཅས་ཡོད་པས་དཔེ་མཚོན་འདིར་གསན་ཐུབ།

                                                                                          ལྷན་རྒྱས་དབྱར་དུས་སྤྲོ་པོ་ཡོང་བའི་སྨོན་འདུན་ཞུ།།

bottom of page